གོང་དཀར་བ་བློ་གསལ་དོན་གྲུབ་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་བ་ ༡༢ ཚེས་ ༢༣ དགེ་བའི་ཉིན་གུས་ཕྱག་བཅས་ཕུལ།

བཀུར་འོས་སྐུ་ཞབས་མཆོག་གི་སྐུ་དྲུང་དུ་ཆེད་ཞུ།

ང་རང་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཀློག་པ་པོ་ཞིག་ཡིན། དེ་སྔོན་གུས་པ་ས་སྐྱ་མཐོ་སློབ་ཏུ་སློབ་གཉེར་བྱེད་བཞིན་པའི་སྐབས་ནས་མཁས་དབང་དམ་པ་འཇམ་དབྱངས་རྣམ་རྒྱལ་དེ་ཉིད་ཀྱིས་རྩོམ་སྒྲིག་དང་པར་སྐྲུན་མཛད་པའི་དཔེ་རྒྱུན་དཀོན་རིགས་མང་པོ་ཞིག་མཇལ་རྒྱུ་བྱུང་བ་མ་ཟད། མི་རིང་བའི་སྔོན་ནས་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་ཚིགས་སུ་ཞུགས་ནས་རང་ཉིད་ལ་ཉེ་བར་མཁོ་བའི་དཔེ་དེབ་མང་པོ་ཞིག་འཚོལ་ཀློག་བྱེད་རྒྱུ་བྱུང་། དེར་བརྟེན་ངས་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་གསར་འཛུགས་གནང་མཁན་སྐྱེས་མཆོག་འཇམ་དབྱངས་རྣམ་རྒྱལ་དེ་ཉིད་ཀྱི་བཀའ་དྲིན་ལ་རྗེས་དྲན་ཞུ་རྒྱུ་མ་ཟད། དམ་པ་ཁོང་གི་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་དང། སྐུ་ངལ་ཁྱད་བསད་ཀྱི་འབད་བརྩོན། གཡུར་དུ་ཟ་བའི་འགྲུབ་འབྲས་བཅས་ལ་སྙིང་ནས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ལྷག་པར་སྐྱེས་མཆོག་དམ་པ་དེའི་བོད་ཀྱི་རིག་གཞུང་ལ་བཅངས་པའི་དད་འདུན་དང་། མཛད་རྗེས་དེ་དག་རང་རེ་བོད་མི་རྣམས་ཀྱི་ཇི་སྲིད་བར་རྗེས་དྲན་བྱེད་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཉེ་སྔོན་དྲྭ་ལམ་དུ་དམ་པ་ཁོང་གི་རྗེས་དྲན་ལོ་མཆོད་འབུལ་བའི་ཆོ་ག་མཛད་བཞིན་པ་དེ་དག་མཇལ་སྐབས་ཁོ་བོ་རང་ཉིད་ལ་ཡང་དམ་པ་དེའི་བཀའ་དྲིན་རྗེས་དྲན་ཞུ་བའི་ཚིག་འགའ་བྲི་བའི་ཀུན་སློང་སྐྱེས་ཤིང། དེ་རིང་འདི་གར་ཕུལ་བ་ནི་རང་ཉིད་ཀྱིས་སྐྱེས་མཆོག་དམ་པ་དེ་ཉིད་དང། ཁོང་གི་བཀའ་དགོངས་འོག་ཕྱག་ལས་གནང་མཁན་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལས་བྱེད་རྣམ་པའི་རྨད་བྱུང་མཛད་པར་གུས་འདུན་མཚོན་བྱེད་ཞིག་ཡིན། དེ་བས་ཁྱེད་རྣམ་པའི་ཕུལ་དུ་བྱུང་བའི་ལས་དོན་འདི་མུ་མཐུད་དར་རྒྱས་གོང་འཕེལ་ཡོང་བ་དང་། བོད་ཀྱི་ནང་བསྟན་འདི་ཉིད་འཛམ་གླིང་མཐའ་གྲུར་རྒྱས་པའི་སྨོན་འདུན་བཅས།

སྐྱེས་མཆོག་འཇམ་དབྱངས་རྣམ་རྒྱལ་རྗེས་སུ་དྲན་པའི་ཚིགས་ཀྱི་ཆུན་པོ།
༡༽ རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །
འཇ༷མ་དཔལ་དབྱ༷ངས་ལ་ཕྱག་བྱས་ནས། །
བདག་གཞན་མ་རིག་མུན་པ་ལས། །
རྣ༷མ་པར་རྒྱ༷ལ་ཕྱིར་འདིར་འཇུག་བྱ། །
༢༽ འདི་ན་རྒྱལ་བའི་བཀའ་དང་ལུང་། །
འཕགས་བོད་མཁས་གྲུབ་གྲངས་མེད་པའི། །
མཐའ་ཡས་གསུང་རབ་སྒྱུ་སྐར་ཚོགས། །
སྒྱུ་འཕྲུལ་མཁའ་ཡི་ངོས་སུ་འཆར། །
༣༽ ཨེ་མའོ་དཔག་མེད་ངོ་མཚར་གྱི། །
འཕྲུལ་གྱི་བཀོད་པ་འབྱམས་ཀླས་པ། །
རྣམ་པར་སྤྲུལ་པའི་བྱེད་པ་པོ། །
སྐྱེས་མཆོག་འཇམ་དབྱངས་རྣམ་རྒྱལ་བསྟོད། །
༤༽ སྔོན་གྱི་ཐུབ་པའི་སྐྱེས་རབས་སུ། །
དམ་ཆོས་ཚིགས་སུ་བཅད་ཕྱིར་ཡང། །
ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི། །
བྱ་དཀའི་སྤྱོད་པ་རྒྱ་མཚོ་སྤྱད། །
༥༽ དེང་འདིར་ངོ་མཚར་འཕྲུལ་གྱི་གཞིར། །
མ་ལུས་རྒྱལ་བའི་བཀའ་དང་བསྟན། །
མཐའ་ཡས་གསུང་རབ་བྱེ་བ་ཕྲག །
ཅིག་ཅར་འཆར་བ་འདི་ཀོ་རྨད། །
༧༽ སྲིད་པའི་འཕྲུལ་གྱི་མེ་ལོང་ངོས། །
སྣ་ཚོགས་ཆོས་ཀྱི་སྣང་བརྙན་འབུམ། །
མངོན་པར་འདུ་བའི་བྱེད་པོ་ནི། །
བསྔགས་འོས་བསྔགས་ཤིང་དྲིན་ཡང་དྲན། །
༨༽ ཆོ༷ས་ཀྱི་སྤྲི༷ན་ཆེན་ལས་འབྱུང་བའི། །
བྱིན་བརླབས་སྦྲང་ཆར་ཟིམ་བུ་ཡིས། །
ཡིད་ལ་སིམ་པའི་དཔལ་བསྐྱེད་ཅིང་། །
ཀུན་རྨོངས་སྲིད་པའི་གདུང་བ་སེལ། །
༩༽ བསྐལ་མ༷ང་རྙེད་དཀའི་ཐུབ་པའི་ཆོས། །
རྣམ་མ༷ང་དཀའ་བས་རབ་བསྒྲུབས་ཏེ། །
གྲངས་མ༷ང་འགྲོ་ལ་སྨན་པའི་ཕྱིར། །
ཐབས་མ༷ང་འཕྲུལ་གྱིས་སྤེལ་ལ་བསྟོད། །
༡༠༽ གྲངས་མེ༷ད་བསྐལ་པ་བྱེ་བ་རུ། །
བཟོད་མེ༷ད་དཀའ་བས་བཙལ་གྱུར་བའི། །
ཟླ་མེ༷ད་གསུང་རབ་འབུམ་ཕྲག་ཀྱང་། །
འབད་མེ༷ད་ཅི་དགར་མཇལ་འདིས་ཚེངས། །
༡༡༽ གང་གི་ཐུགས་བསྐྱེད་ལས་འཁྲུངས་པ། །
ངོ་མཚར་ཆོས་ཀྱི་གཏེར་མཛོད་ལས། །
འཛད་མེད་འཕྲུལ་གྱི་ཆོས་སྦྱིན་ནི། །
སྲིད་པ་མཐར་བྱས་དེ་སྲིད་སྤེལ། །
༡༢༽ བོ༷ད་ཀྱི༷་བརྡ་རུ་ལེགས་བསྒྱུར་བའི། །
སྙིང་པོ་ན༷ང་གི་དོན་བསྟ༷ན་པ། །
མཐའ་དག་གསུང་རབ་དཔེ༷་ཚོ༷གས་ཀྱི། །
ལྟེ༷་གན༷ས་འདི་ཡང་རྒྱལ་གྱུར་ཅིག །
༡༣༽ སྐྱེས་བུ་མཆོག་དེའི་དགོངས་པ་ཆེ། །
མ་ལུས་ལྷུན་གྱིས་གྲུབ་པ་དང་། །
དེ་ཡི་སྲི་ཞུར་གཏོགས་ཀུན་ཀྱང་། །
ཤིན་ཏུ་ཤིས་པ་ཉིད་གྱུར་ཅིག །
This entry was posted in Remembering Gene. Bookmark the permalink.

Comments are closed.