དྲན་གསོའི་མཆོད་སྡོང་།

མཐའ་དག་མ་མར་གྱུར་པའི་ལུས་ཅན་ཀུན།།

སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་ཐབས་གཅིག་པུ།།

མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་ལ།།

ངེས་པར་དྲངས་པའི་རིགས་སྲས་ཇིན་སི་མིཐ།།

རང་དོན་ཁོག་བཅང་གཞན་དོན་ཡལ་དོར་བཞིན།།

སྙན་གྲགས་འབྱོར་པ་འཚོལ་དང་མི་མཚུངས་པར།།

རྒྱལ་བའི་བསྟན་པ་བཙལ་བའི་བློ་ཆེན་ཁྱོད།།

རྒྱལ་བསྟན་ལོ་འབྲས་ཁུར་བའི་སྡོམ་པོ་གཅིག།

ཁྱོད་ཉིད་ལྷག་བསམ་ནམ་མཁའི་ཁྱོན་དང་མཉམ།།

ཁྱོད་ཉིད་བྱམས་བརྩེ་ས་ཡི་གོ་ལའི་ཁྱོན།།

ཁྱོད་ཉིད་ལེགས་བྱས་འོད་སྣང་ཟླ་བ་ལྟར།།

ཁྱོད་ཉིད་འཛམ་བུ་གླིང་པའི་དྲིན་ཅན་ཞིག།

མི་རྟག་ཆོས་ཉིད་སྐྱེ་མཐའ་འཆི་བ་ངེས།།

སངས་རྒྱས་སྲས་བཅས་ལམ་འདིར་གཤེགས་པ་བཞིན།།

ཁྱོད་ཀྱང་ད་རེས་འགྲོ་བས་གྲོགས་རྣམས་ལ།།

མི་རྟག་དྲན་བསྐུལ་ཆེན་པོ་བྱས་པ་ངེས།།

ཁོད་སྐུ་ཙན་དན་དྲི་ངེད་འགྲོ་རྣམས་ཀྱི།།

རང་སེམས་དྲི་ངན་འཇོམས་པའི་རྒྱུར་གྱུར་པ།།

སོམ་ཉི་མེད་པས་ཁྱོད་ལ་ཡི་རངས་འདི།།

ང་ཚོ་རྗེས་སྡོད་རྣམས་ཀྱིས་འགན་འཁྲི་ཡིན།།

སྐྱེས་འཚར་ནུབ་ཕྱོགས་ཟ་ཟིང་གནས་ན་བྱས།།

སྦྱངས་ཁུར་ཤར་ཕྱོགས་དར་བའི་རྒྱལ་བའི་བསྟན།།

ཁ་ཞེ་གཉིས་མེད་རྒྱལ་བསྟན་གཅེས་པ་བཞིན།།

ནམ་ཡང་འཕེལ་ནས་ཤར་ནུབ་ཀུན་ཁྱབ་ཤོག།

ཁྱོད་ཀྱིས་ལེགས་བྱས་རང་སེམས་ཡོངས་སུ་བསྐངས།།

ཁྱོད་ཉིད་སོང་ནས་རང་སེམས་སྟོང་སངས་ངེར།།

འོན་ཀྱང་གྲོགས་པོ་ཐུགས་སེམས་ལྷོད་པོ་བྱོས།།

རླབས་ཆེན་བྱ་བ་ང་ཡིས་མཇུག་གནོན་ཡོང།།

སླེ་ལུང་སྨྱོན་པས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནས།།
༡༡།༠༡།༢༠༡༡

This entry was posted in Remembering Gene and tagged . Bookmark the permalink.

Comments are closed.